Thursday, February 27, 2020

སྐྱབས་རྗེའི་གསུང་རྩོམ། ༦

༈ དགའ་ལྡན་ས་ལ་འཕོས་པ། །སྨན་ལྗོངས་ཡངས་པའི་གླིང་ལ། །ཆོས་རྒྱལ་གསེར་གྱི་ཉི་མ། །དགུང་ལས་མ་ཡོལ་བཞིན་དུ། །རྒྱལ་སྲས་དུང་གི་ཟླ་བ།།ཤར་རིའི་རྩེ་ནས་ངོམས་བྱུང་། །ཉི་ཟླ་ཟུང་དུ་འཛོམས་པ། །བཀྲ་ཤིས་དགུང་དང་མཉམ་སོང་། །ཐུགས་རྗེ་འོད་ཀྱི་རང་མདངས། །རྒྱལ་ཁམས་ཡོངས་ལ་ཁྱབ་པ། །བློན་འབངས་སྐར་ཚོགས་ཁྲ་མོ། །སྐྱིད་པའི་རྟེན་འབྲེལ་བཟང་བྱུང་། །ཡོན་ཏན་ཆ་ཤས་རྫོགས་པའི། །རྒྱལ་སྲས་བཅོ་ལྔའི་ཟླ་བ། །མི་འགྱུར་རྡོ་རྗེའི་
ཁྲི་ལ། །བསྐལ་བརྒྱར་ཞབས་པད་བརྟན་ཤོག།།ལུགས་གཉིས་གསེར་གྱི་འཁོར་ལོས། །ཁམས་གསུམ་དབང་དུ་བསྒྱུར་ནས། །དགའ་སྐྱིད་དཔལ་གྱི་གྲུ་ཆར། །རྒྱུན་མི་ཆད་པར་ཕོབས་ཅིག།།བདེ་སྟོང་རྩེ་དགའི་འཁྲི་ཤིང་། །འཕྲིན་ལས་སྒྲུབ་པའི་གྲོགས་བཟང་། །བཙུན་མོ་རིན་ཆེན་དམ་པ། །རྗེ་བཙུན་སྒྲོལ་མས་སྐྱོངས་ཤིག།།ངེད་ཅག་སྐལ་བཟང་ཕོ་མོ། །སྟོང་གསུམ་ནོར་གྱིས་གཞལ་ཡང་། །ཆོས་རྒྱལ་ཡབ་སྲས་དམ་པའི། །སྐུ་དྲིན་འཁོར་ཐབས་མི་འདུག།།དེ་བས་ཁ་ཞེ་གཉིས་མེད། །རང་འདོད་གཡོ་སྒྱུ་སྤངས་ནས། །ཞི་བདེ་རང་དབང་རྒྱལ་ཁབ། །ཡུན་གནས་ཐབས་ལ་འཇུག་སྤྲོ། །གནམ་ལ་ཉི་ཟླ་སྐར་གསུམ། །ས་ལ་རྒྱལ་བློན་འབངས་གསུམ། །དཔལ་ལྡན་སྤྲིན་གྱི་སྒྲ་དབྱངས། །འཛམ་གླིང་ཡོངས་ལ་ཁྱབ་འགྲོ།།

ཀུན་ཕན་ཉི་མའི་སྣང་བ། །མིག་གིས་བལྟ་བར་མི་བཟོད།།
སྐལ་མེད་འུག་པའི་ཧུང་སྒྲ། །མ་ཧཱ་ཀཱ་ལས་སྲུངས་ཤིག།།

སྐུ་ཚེ་བྲག་ལས་སྲ་ཞིང་། །རྒྱལ་བརྒྱུད་ཆུ་ལས་རིང་བ།།
མངའ་ཐང་དར་ཞིང་རྒྱས་པའི། །བཀྲ་ཤིས་སྨོན་ལམ་ཞུའོ།།


No comments:

Post a Comment