Wednesday, February 26, 2020

༧སྐྱབས་རྗེ་མཁན་པོའི་གསུང་རྩོམ། ༥

༈ ཁྲི་གདུགས་ཉི་མ་ཁྱོད་ནི་སྒྲ་གཅན་གྱིས་ཟིན་ལ། །དགུང་སྟོད་མཐོན་པོར་ང་ནི་ཆུ་འཛིན་གྱིས་སྒྲིབ་འགྲོ། །ད་ལྟ་སྒྲིབ་མེད་ས་ལེར་འགྲོགས་པ་ཡི་དུས་འདིར། །གླིང་བཞིའི་འགྲོ་ལ་འོད་ཀྱི་དགའ་སྟོན་ཞིག་འགྱེད་ཨང་། །ཚོང་འདུས་མགྲོན་པོ་ཁྱོད་ནི་རང་གནས་སུ་ཕེབས་ལ། །ཁྲོམ་ཆེན་ཁྲ་མོ་ང་ནི་སྟོང་པ་རུ་ལུས་འགྲོ། །ཚེ་སྔོན་ལས་ཀྱིས་འབྲེལ་བས་ཡུད་ཙམ་ཞིག་འཛོམས་དུས། །ཕན་ཚུན་གཡོ་སྒྱུ་
སྤངས་པའི་དག་སྣང་ཞིག་གིས་ཨང་། །མཚན་ལྡན་བླ་མ་ཁྱོད་ནི་འོག་མིན་དུ་གཤེགས་ལ། །དགོན་ས་ཁྲ་མོ་ང་ནི་གྱང་ཧྲུལ་དུ་ཞིག་འགྲོ། །སྣོད་བཅུད་འབྲལ་མེད་ཕུན་སུམ་ཚོགས་པ་ཡི་དུས་འདིར། །འབྲེལ་ཚད་དོན་ལྡན་ཆོས་ཀྱི་འཁོར་ལོ་ཞིག་སྐོར་ཨང་། །རྣམ་ཤེས་ཁྱོད་ནི་གཅིག་པུར་བར་དོ་རུ་འཁྱམས་ལ། །ཤ་ཁྲག་ཕུང་པོ་ང་ནི་ཐལ་བ་རུ་དེངས་འགྲོ། །ད་ལྟ་ལུས་སེམས་འབྲལ་མེད་རང་དབང་གི་དུས་འདིར། །ཕྱི་མ་ཕན་པའི་དམ་པའི་ལྷ་ཆོས་ཤིག་གྱིས་ཨང་།།

No comments:

Post a Comment