Sunday, March 1, 2020

༧སྐྱབས་རྗེའི་གསུང་རྩོམ། ༨


༈ ཤར་རིའི་རྩེ་ནས་ཁྲི་གདུགས་ཉི་མ། །འོད་ཟེར་སྐྱེ་འགྲོའི་དཔལ་དུ་ཤར་བས། །བདེ་སྐྱིད་ཕུན་སུམ་ཚོགས་པའི་རྟེན་འབྲེལ། །མཐོང་ནས་པད་མའི་འདབ་བརྒྱ་བཞད་སོང་།།

དམིགས་མེད་ཆོས་དབྱིངས་ཀློང་ནས་འཕོས་པའི། །མཆོག་གསུམ་སྣང་བ་ཞིང་འདིར་འབར་བས། །ཕན་བདེའི་དཔལ་ལ་སྤྱོད་པའི་རྟེན་འབྲེལ། །མཐོང་ནས་ཡིད་དབང་དད་པས་འཕྲོག་སོང་།།


མཚན་ལྡན་བླ་མའི་ཞལ་གྱི་ངོས་ནས། །ཟབ་ཆོས་བདུད་རྩི་སྙིང་ལ་སིམ་པས། །གཟུང་འཛིན་དབྱིངས་སུ་དག་པའི་རྟེན་འབྲེལ། །མཐོང་ནས་རིག་པའི་ཡོ་ཤེས་རྒྱས་སོང་།།

སྐྱེ་མེད་ཆོས་དབྱིངས་དག་པའི་ཀློང་ནས། །འགགས་མེད་གཟུགས་སྐུའི་རོལ་པ་ཤར་ཚེ། །འཁོར་བ་དོང་ནས་སྤྲུགས་པའི་རྟེན་འབྲེལ། །མཐོང་ནས་འཁོར་འདས་གཅིག་ཏུ་འདྲེས་སོང་།།


No comments:

Post a Comment