Wednesday, February 5, 2020

འབྲུག་གི་སྐྱབས་རྗེའི་གསུང་རྩོམ། ༢

འབྲུག་གི་སྐྱབས་རྗེ་རྗེ་མཁན་རིན་པོ་ཆེའི་གསུང་རྩོམ།

༈ ཕུ་ཡི་གངས་དཀར་མཐོང་ཚེ། །མཚན་ལྡན་བླ་མ་དྲན་བྱུང་། །མོས་གུས་ཉི་མ་ཤར་ན། །བྱིན་རླབས་ཆུ་རྒྱུན་འབེབས་ཡོང་། །མདའ་ཡི་གཡུ་མཚོ་སྔོན་མོ། །བྱམས་ལྡན་ཕ་མར་ཤེས་བྱུང་། །རང་ལུས་གསེར་མིག་ཉ་མོ། །གཞན་ལ་འཁོར་ས་མིན་འདུག །སེམས་ཉིད་ཨ་མའི་ཞལ་རས། །མཐོང་ཡང་རང་ངོ་མ་ཤེས། །བུ་ཆུང་འཁྲུལ་པའི་གསེབ་ཏུ། །དབང་མེད་འཁོར་བར་འཁྱམས་སོང་། །ཀ་དག་ཆོས་སྐུའི་ཁྲི་ལ། །ང་ཡི་མེས་པོ་
བཞུགས་ཡོད། །མེས་པོ་ཀུན་ཏུ་བཟང་པོས། །ཤེས་མེད་བུ་ཆུང་ང་ལ། །བརྩེ་ཆེན་ཐུགས་རྗེའི་ཕོ་ཉར། །མ་བུ་ལྷན་ཞལ་འཛོམས་པའི། །ཆོས་ཉིད་གནམ་གྱི་བཀའ་ལུང་། །ད་ལྟ་ཕེབས་ན་དགའ་བ། །སྟོང་གསལ་ཡིད་འོང་གཞོན་ནུ། །གཏན་གྱི་གྲོགས་སུ་ཁུག་ཀྱང་། །གཉིས་འཛིན་སེམས་ཀྱི་ཕྲ་མས། །འགྲོགས་པའི་སྐལ་བ་མ་བྱུང་། །བསླུ་འདྲིད་སྒྱུ་མའི་གྲོགས་པོ། །འཁོར་བའི་འཕྲང་ལ་མི་ཕན། །ང་ལ་སྐྱོ་རོགས་སུ་ཡོད། །སྤྱན་རས་གཟིགས་ར་མཁྱེན་ནོ། །རྣམ་དག་ཚུལ་ཁྲིམས་གོས་བཟང་། །རང་གི་ལུས་ལ་གྱོན་ཚེ།།མི་གཙང་འཆལ་པའི་དྲི་མ། །དྲན་ཤེས་མ་མས་བསལ་རོགས། །མ་རིག་ལས་དབང་བཙན་པོས། །བསྐོས་ཚུལ་འདི་ལ་གཟིགས་དང་། །སྒྱུ་མའི་ཐང་ལ་འཁྱམས་ནས། །སྐྱིད་པའི་ཡུལ་དང་བྲལ་བྱུང་། །ང་ཡི་གཏན་གྱི་ཕ་ཡུལ།།ས་ཕྱོགས་གང་དུ་ཡོད་དམ། །འཁྲུལ་པའི་རྨི་ལམ་སད་ན། །ཐག་རིང་རྒྱང་ལ་མེད་འདྲ། །དེ་བས་སྙིང་ནས་དྲན་པའི། །གཉུག་མའི་གཏན་ཡུལ་ཕྱོགས་སུ། །ཚོགས་གཉིས་ལམ་ལ་ཞུགས་ནས། །ད་ལྟ་ཉིད་དུ་ཆས་འགྲོ། །འཇིག་རྟེན་ཆུ་ཡི་གཉེར་མ། །བྱས་པས་ཟད་མཐའ་མི་འདུག །རང་སེམས་ཆོས་སྐུར་རྟོགས་ན། །འཁོར་འདས་བྱ་བ་ཟིན་ཡོང་། །ཆོས་ཉིད་རིགས་ལྡན་ཕོ་མོས། །ཆོས་དོན་གླུ་རུ་ལེན་པས། །ཆོས་སྐུར་གྲོལ་བའི་སྨོན་ལམ། །ཆོས་ཉིད་ངང་ནས་ཞུ་འོ།། །།དགེའོ།།



No comments:

Post a Comment