Saturday, February 1, 2020

འབྲུག་གི་སྐྱབས་རྗེའི་གསུང་རྩོམ། ༡

སྐྱབས་རྗེ་ཡིད་བཞིན་ནོར་བུའི་གསུང་རྩོམ་བྱིན་ཅན།

༈ དགོན་བཟང་ཁྲ་མོའི་ནང་དུ། །བླ་མ་བརྒྱ་དང་རྩ་བརྒྱད། །མཁྱེན་བརྩེ་ནུས་གསུམ་ལྡན་ན། །མཚན་ལྡན་བླ་མར་ཞུ་ཆོག། །རྫོང་ཆེན་ཁྲ་མོའི་ནང་དུ། །དབང་ཆེན་བརྒྱ་དང་རྩ་བརྒྱད། །མི་སེར་བདེ་བར་སྐྱོང་ན། །དཔོན་བཟང་ཆོས་ཀྱི་རྒྱལ་པོ། །གཟིམ་གཅུང་ཁྲ་མོའི་ནང་དུ། །ཡབ་ཡུམ་བརྒྱ་དང་རྩ་བརྒྱད། །བུ་ཚར་བསླབ་སྟོན་མཁས་ན། །བྱམས་ལྡན་ཕ་མའི་ཡང་རྩེ། །དྲིན་ཅན་ཨ་མའི་པང་དུ། །གཅེས་ཕྲུག་བརྒྱ་དང་རྩ་བརྒྱད། །ཕ་མར་དྲིན་ལན་མཇལ་ན། །བུ་
བཟང་བསོད་ནམས་ཡར་འཕེལ། །གཡུས་བཟང་ཁྲ་མོའི་ཕྱོགས་ལ། །ཕོ་མོ་བརྒྱ་དང་རྩ་བརྒྱད། །གཉེན་གྲོགས་དམ་ཚིག་ཐུབ་ན། །གཞུང་བཟང་མི་ཡི་དཔའ་བོ། །མགྲིན་བཟང་སྐད་སྙན་ནང་དུ། །གླུ་དབྱངས་བརྒྱ་དང་རྩ་བརྒྱད། །ཚིག་དོན་ཕུན་ཚོགས་བྱུང་ན། །ལྷ་མི་དགྱེས་པའི་མཆོད་དབྱངས། །རང་སེམས་འཁྲུལ་པའི་ནང་དུ། །བསམ་བློ་བརྒྱ་དང་རྩ་བརྒྱད། །གཞན་ཕན་སེམས་བཟང་ཡོད་ན། །མི་ཡི་ནོར་བུ་ཡིན་ནོ།།
3/11/2016






No comments:

Post a Comment