Wednesday, January 1, 2020

ཆོས་ལ་འཇུག་པའི་རྩོམ།

ཁམས་གསུམ་འཁོར་བའི་གནས་ཀྱི་མུན་པ་ནང་། །སྡུག་བསྔལ་མ་གཏོགས་བདེ་བ་ཡོད་མ་ཡིན། །དེ་ཕྱིར་བློ་རིག་ཅན་གྱི་གཞོན་ནུ་རྣམས། །འཁོར་བའི་ཆོས་ལ་སྙིང་པོ་མེད་པར་བསམ། །ཕྱི་མ་ཕན་པའི་ཐར་པའི་ལམ་བཟང་འདི། །ཆོས་ཀྱི་སྙིང་པོ་རང་གིས་སེམས་ནི་འདུལ། །འཇིག་རྟེན་འཁྲུལ་པའི་ཆོས་ནི་དབེན་པར་བསྒོམ། །སུ་ལའང་རང་དབང་མེད་པར་རྟག་ཏུ་དྲན། །དམ་ཆོས་ཡིད་བཞིན་ནོར་བུའི་མ་ཎི་བགྲང་། །སྔར་བྱས་སྡིག་པ་ཁོང་དུ་ཡང་ཡང་
བསམ། །ལུས་སེམས་རུས་པའི་གཏིང་ནས་འགྱོད་པ་བསྐྱེད། །སྒོ་གསུམ་གུས་པའི་ཐོག་ཏུ་བཤགས་པ་ཕུལ། །ཆོས་པའི་གཟུགས་ཀྱིས་ཆོས་མིན་བྱེད་སྲིད་པར། །དེང་དུས་མི་རྣམས་ཀུན་གྱིས་མཁྱེན་པ་ལས། །ཐུགས་བརྩེ་བལ་ནས་འཇམ་པའི་ལྟོ་ཚང་རྣམས། །བློ་སེམས་ཆོས་ལ་བསྐུལ་ནས་མི་རྟག་དྲན། །དཀའ་སྡུག་ལན་ཅིག་མྱོང་ཚེ་
ཐུགས་མ་འཁྲུལ། །འཁོར་བའི་བདེ་བ་རྩ་ཡི་ཟིལ་པ་བཞིན། །སྐད་ཅིག་ཙམ་གྱིས་སྟོང་པའི་ཆོས་ཉིད་ལ། །ནོར་འཁྲུལ་མ་ཞུགས་རྟག་པར་ཆོས་ལ་བརྩོན། །དེང་སང་དུས་ངན་སྙིགས་མ་ཤར་བའི་ཚེ། །སེམས་ཁམས་འཁྲུག་པའི་རྒྱུ་རྐྱེན་སྣ་ཚོགས་བྱུང་། །སེམས་ནི་དྲན་ཤེས་ངང་དུ་མ་བསྲུང་ན། །ཚུལ་མིན་བྱ་བ་རྣམས་ལ་བརྩོན་པ་དགའ། །སྒོ་གསུམ་རང་དབང་ཡོད་པའི་དུས་ཚོད་ནང་། །ལུས་ཀྱིས་མཆོད་རྟེན་སོགས་ལ་བསྐོར་བ་བྱེད། །ངག་གིས་གཞན་ལ་སྙན་པའི་ཚིག་རེ་སླབ། །ཡིད་ཀྱིས་བརྣབ་སེམས་བསྐྱེད་པའི་སེམས་རེ་སྤང་། །རང་ལ་རྒྱུ་ནོར་མེད་ན་མེདཔ་རང་དགའ། །དེ་ལས་ལྷག་པའི་སྐྱིད་པོ་གཞན་ན་མེད། །དཀའ་སྤྱད་ལུས་ལ་མངོན་སུམ་མ་མྱོང་ན། །བདེ་བའི་ས་ལ་རྙེད་པའི་ཆོས་མི་དྲན། །ཕྱི་ཡི་དཔེ་ལ་བསམ་སྟེ་མི་རྟག་དྲན། །ནང་གི་སེམས་ལ་བརྟག་ནས་ཕན་སེམས་བསྐྱེད། །རྟག་པར་དཀོན་མཆོག་གསུམ་ལ་དད་པ་བསྐྱེད། །ཆོས་ལ་འཇུག་པའི་ལམ་ལས་མ་བྲལ་ཞུའོ།།

No comments:

Post a Comment