Saturday, November 2, 2019

རྒྱ་འབྲུག་མཐུན་ལམ་གྱི་སྐོར།


ཨོྃ་སྭ་སྟི། ཨོ་རྒྱན་པདྨའི་སྦས་གནས་སྨན་ལྗོངས་སུ། །ལུང་གིས་བསྐུལ་བའི་ངག་དབང་རྣམ་རྒྱལ་དང་། །མངོན་གཟིགས་ཅན་གྱི་དབང་ཕྱུག་བརྒྱུད་འཛིན་བྱོན། །རྒྱལ་གཞུང་འབངས་གསུམ་རྣམས་ལ་གུས་བཏུད་འཕུལ།། ཟེར་བའི་མཆོད་བརྗོད་དང་གྲས་ ང་བཅས་རའི་རྒྱལ་ཁབ་འདི་ རྒྱ་ཆུང་ཀུ་ཅིག་ཨིན་འདི་འབད་རུང་ སྔོན་བྱོན་རྒྱལ་བ་གོངམ་ ཨོ་རྒྱན་གུ་རུ་རིན་པོ་ཆེ་མཆོག་གིས་ བྱིན་གྱིས་བརླབས་པའི་སྦས་གནས་ཁྱད་པར་ཅིག་ཨིན། དེ་བཟུམ་སྦེ་
དུས་རབས་༡༦་པའི་ནང་ལུ་ བླམ་ཞབས་དྲུང་རིན་པོ་ཆེ་ མཐུ་ཆེན་བདུད་འཇོམས་རྡོ་རྗེ་མཆོག་ མེ་ཏོག་གང་ལ་ཕོག་པ་ལྷ་སྐལ་འབད་ ལྷོ་མོན་ཁ་བཞི་འབྲུག་པའི་རྒྱལ་ཁབ་འདི་ནང་ གདུལ་བྱའི་ཞིང་ལུ་གཟིགས་ཏེ་ གདན་ས་ར་ལུང་ལས་ འབྲུག་ཡུལ་དུ་ཕེབས་ཏེ་ ཆོས་སྲིད་ཟུང་འབྲེལ་གྱི་ངང་ལུ་ རྒྱལ་ཁབ་བསྐྱངས་ཏེ་བཞུགས་ནུག དེ་བཞིན་དུ་ དབང་ཕྱུག་བརྒྱུད་འཛིན་གྱི་ རྒྱལཔོ་རིམ་བྱོན་ཚུ་གི་ བཀའ་དྲིན་བླ་ན་མེད་པ་ལུ་བརྟེན་ཏེ་ དུས་རྒྱུན་དུ་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ ཞི་བདེའི་ངང་ལུ་གནས་ཏེ་ཡོདཔ་ཨིན།
སྐྱེས་བུ་དམ་པ་རྣམས་ཀྱིས་ ཐུགས་བཞེད་རྒྱ་ཆེ་ས་ལས་གནང་སྟེ་ རྒྱལ་ཁབ་ཀྱི་རང་དབང་ངོ་རྟགས་དང་ བསྲུང་སྐྱོབ་ལུ་རྐྱེན་ངན་ག་ནི་ཡང་མེད་པར་ ལེགས་ཤོམ་འབད་ བདག་འཛིན་མཛད་གནང་པའི་ཤུལ་ལུ་ ཕྱིའི་རྒྱལ་ཁབ་གཞན་དང་ མཐུན་ལམ་བཟོ་གནང་ཡོདཔ་མ་ཚད་ ལྷག་པར་དུ་ ང་བཅས་རའི་ ཁྱིམ་ཚང་རྒྱལ་ཁབ་ རྒྱ་གར་གཞུང་འདི་ རྒྱལ་ཁབ་ག་བ་དྲགཔ་སྦེ་  དམ༌ཚིག༌དར་གྱི་བདུད་ཕོད་བཏབ་དོ་བཟུམ་མའི་ མཐུན་ལམ་དམ་གཟབ༌བཟོ༌
གནང་ཡོདཔ་ཨིན། དེ་ཡང་ རྒྱ་གར་རྒྱལ་ཁབ་འདི་ བྲྀ་ཊིཤ་(British)གཞུང་གི་མངའ་འོག་ལུ་ མི་ལོ་༨༠་ལྷག་ཙམ་འགྱོ་བའི་ཤུལ་ལུ་ སྤྱི་ལོ་༡༩༤༧་སྤྱི་ཟླ་༨་པའི་ སྤྱི་ཚེས་༡༥་ལུ་ རྒྱ་གར་རྒྱལ་ཁབ་འདི་ རང་དབང་རང་བཙན་གྱི་ངོ་རྟགས་ ཐོབ་སྟེ་ཡོདཔ་ཨིན། དེའི་ཤུལ་ལས་ ང་བཅས་རའི་ རྒྱ་འབྲུག་གཉིས་ཀྱི་མཐུན་ལམ་འདི་གཙོ་བོ་རྒྱ་གར་གཞུང་གི་ མི་རྗེ་བློན་ཆེན་ ཇཱ་ཝ་ཧར་ལཱར་ཎི་རུ(Jawaharlal Nehru)མཆོག་ སྤྱི་ལོ་༡༩༥༨་ལུ་དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ནང་ མི་སྡེའི་དཔལ་འབྱོར་གྱི་གོང་འཕེལ་དང་ རྒྱལ་ཁབ་ཀྱི་སྲིད་བྱུས་ འདི་བཟུམ་སྦེ་ མི་སེར་ཚུ་གི་དཀའ་ངལ་ཚུ་བསལ་ནིའི་དོན་ལས་ རྒྱལ་ཁབ་འདི་ སྔར་བ་ལྷགཔ་འབད་ ཡར་རྒྱས་གཏང་ནི་ལུ་ ཐུགས་བཞེད་གནང་སྟེ ང་བཅས་རའི་ རྒྱལ་ཁབ་འདི་ནང་བྱོན་ཏེ་ཡོདཔ་ཨིན།
དེ་ལས་སྤྱི་ལོ་༡༩༤༩་ལུ་ རྒྱ་འབྲུག་གཉིས་ཀྱི་བར་ན་ མཛའ་མཐུན་གྱི་ཡར་རྒྱས་ གཏང་ནིའི་དོན་ལས་ ཆིངས་ཡིག་བཟོ་གནངམ་ལས་བརྟེན་ཏེ་ རྒྱལ་ཁབ་ནང་ལུ་ རྒྱལ་ཁབ་ཀྱི་བསྲུང་སྐྱོབ་དང་ ཡར་རྒྱས་ཀྱི་འགྱུར་བ་ལུ་ གཞི་རྩ་བཟོ་གནང་ཡོདཔ་ཨིན། དེ་བཟུམ་སྦེ་ སྤྱི་ལོ་༡༩༦༡་གི་ལོ་ལུ་ རྒྱ་གར་གཞུང་གི་ མ་དངུལ་གྱི་ཐོག་ལུ་ འབྲུག་རྒྱལ་ཁབ་ནང་ལུ་ ལོ་ལྔའི་འཆར་གཞི་འདི་ གཞི་བཙུགས་གནང་པའི་ཤུལ་ལུ་ རྒྱལ་ཁབ་གཉིས་ཀྱི་བར་ན་ ཡར་རྒྱས་ཀྱི་རྩ་བ་ མཛའ་བཤེས་མཐུན་འབྲེལ་གྱི་འགྱུར་བ་དང་ ཕྱིའི་རང་བཞིན་གནས་སྟངས་བསྲུང་སྐྱོབ་ ནང་སྲིད་བྱུས་དང་དགའ་སྐྱིད་ཀྱི་ངང་ལུ་ གནས་ཐབས་ལུ་རྒྱ་གར་རྒྱལ་ཁབ་ཀྱི་ གྲོགས་རམ་མཛད་གནང་ནི་ཟེར་བའི་འཆར་གཞི་གྲུབ་སྟེ་ཡོདཔ་ཨིན།
དེ་ལས་ རྒྱ་གར་གཞུང་གི་ རྒྱབ་སྐྱོར་ལས་བརྟེན་ཏེ་ འཛམ་གླིང་གཅིག་འགྱུར་གྱི་དུས་སུ་ ལོ་ལྔའི་འཆར་གཞི་ལམ་ལུགས་ལས་ ད་རེས་ནངས་པ་ རྒྱལ་ཁབ་ལུ་ མ་དངུལ་གྱི་འབོར་ཆེ་ཏོག་ཏོ་འབད་ གྲོགས་རམ་མཛདཔ་མ་ཚད་པར་ འབྲུག་རྒྱལ་ཁབ་ནང་འཁོད་ལུ་ གསོ་བའི་ཞབས་ཏོག་དང་ མི་སྡེ་འཚོ་བའི་གནས་སྟངས་ གློག་མེ་གི་ལས་འགུལ་ཡང་ ལེ་ཤ་ཅིག་རང་ གཞི་བཙུགས་མཛད་དེ་ཡོད། དེ་བཟུམ་སྦེ་ རྒྱ་གར་རྒྱལ་ཁབ་ཀྱི་མཐུན་ལམ་ལས་སྤྱིར་འཛམ་བུ་གླིང་གི་རྒྱལ་ཁབ་རྣམས་དང་ མཐུན་ལམ་བཟོ་ནིའི་དོན་ལུ་ སྤྱི་ལོ་༡༩༧༡་ལོ་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ འཐུས་མིའི་གྲལ་ཁར་ བཙུགས་གནང་མི་ལུ་བརྟེན་ཏེ་ རྒྱལ་ཁབ་འདི་ནང་ ཕྱིའི་དགྲ་ལས་ དམག་འཁྲུག་དང་དབང་བཙོང་གི་ ཉེན་ཁ་མེད་པར་ རྒྱལ་ཁབ་འདི་ཞི་བདེའི་ཐོག་ལུ་ གནས་ནི་རྒྱབ་སྐྱོར་ གནང་མི་ལུ་ འབྲུག་མི་ཡོངས་ཀྱིས་བཀྲིན་དགའ་འཚོར་ཞུ་ནི། དེ་བཟུམ་སྦེ་ སྤྱི་ལོ་ ༢༠༡༤་ལུ་ རྒྱ་གར་རྒྱལ་ཁབ་ཀྱི་སྲིད་བློན་ཎཱ་རཱཎ་ད་མོ་དི་མཆོག་ འབྲུག་རྒྱལ་ཁབ་ནང་ བྱོན་ས་ལུ་བལྟ་བ་ཅིན་ རྒྱ་འབྲུག་གཉིས་ཀྱི་མཐུན་ལམ་འདི་ སྔར་བ་ལྷགཔ་སྦེ་གོང་འཕེལ་འགྱོ་སྟེ་ཡོད་པའི་ རྟགས་མཚན་བཟང་པོ་ཅིག་ཨིན་མས།
དེ་མ་ཚད་ ང་བཅས་རའི་ ནང་པ་སངས་རྒྱས་ཀྱི་  ཆོས་ཀྱི་ བསྟན་པ་ ཐོག་མར་འཛམ་གླིང་ནང་ལུ་ བྱུང་སའི་གནས་ཡང་ རྒྱ་གར་འཕགས་པའི་ཡུལ་ལུ་ཨིནམ་ལས་ ད་རེས་ནངས་པ་ ང་བཆས་རའི་ སྐོབས་ཚུད་ཀྱི་རྒྱལ་ཁབ་ནང་ལུ་ སངས་རྒྱས་ཀྱི་ཆོས་ དར་ཁྱབ་བྱུང་སྟེ་ཡོད་མི་འདི་ཡང་ རྒྱ་གར་རྒྱལ་ཁབ་ཀྱི་ བླ་ན་མེད་པའི་ལོ་ཙཱ་བ་རྣམས་ཀྱི་ ཐུགས་སྨོན་བྱུང་ཡོདཔ་དང་ ཆོས་ཀྱི་པོ་སྟི་མང་ཤོས་ཅིག་ རྒྱ་གར་གྱི་རོགས་རམ་ལས་བརྟེན་ཏེ་ཨིན། དེ་བཟུམ་སྦེ་ རྒྱ་འབྲུག་གི་མཐུན་ལམ་ལས་བརྟེན་ཏེ་ འབྲུག་མི་མང་ཤོས་ཅིག་ རྒྱ་གར་རྒྱབ་ནང་ལས་ཕར་ཆོས་སྲིད་ཟུང་འབྲེལ་གྱི་ སློབ་སྦྱོང་འབད་བར་ ལོ་རེ་ཆད་མེད་པར་ བཏང་སྲོལ་ཡོད་མི་འདི་ གཙོ་བོ་རྒྱ་གར་གཞུང་གི་ བཀྲིན་ལས་ཨིན་མས།
དེ་འབདཝ་ལས་ ང་བཅས་ར་ དཔལ་ལྡན་འབྲུག་པའི་རྒྱལ་ཁབ་འདི་ དེང་སངས་ཀྱི་དུས་ལུ་ ཆོས་སྲིད་ཟུང་འབྲེལ་འབད་ ཡར་རྒྱས་ཉིན་ལྟར་བཞིན་དུ་ གོང་འཕེལ་འགྱོ་དགོཔ་མི་འདི་ གཙོ་བོ་ཁྱིམ་ཚང་རྒྱལ་ཁབ་ རྒྱ་གར་གཞུང་གིས་འགྲན་ཟླ་མེད་པའི་ གྲོགས་རམ་ཆུ་རྒྱུན་བཟུམ་མའི་ རྒྱུན་མ་ཆད་པར་གནང་མི་ལུ་བརྟེན་ཏེ་ཨིནམ་ལས་ ད་ལས་ཕར་ རྒྱལ་ཁབ་གཉིས་ཀྱི་བར་ན་ལུ་ བྱ་སྟབས་མ་བདེཝ་ཚུ་ ག་ནི་ཡང་མེད་པར་ མཐུན་འབྲེལ་གྱི་བདུད་ཕོད་འདི་ ཡུན་བརྟན་དུ་གནས་པའི་རེ་སྨོན་དང་ཅིག་ཁར་ ང་བཅས་རའི་ རྒྱལ་ཁབ་ཀྱི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ ལྟ་བ་འདི་ལེགས་ཤོམ་འབད་ བསྒྲུབ་ཚུགས་པའི་སྨོན་ལམ་ཞུ་ནི་ཨིན།
མཇུག་སྨོན།
ཡུན་བརྟན་གནས་པའི་མཐུན་ལམ་དམ་ཟབ་ལས།།
སྔར་བ་ལྷག་པའི་ཡར་རྒྱས་གོང་འཕེལ་མཛད།།
རྒྱ་འབྲུག་གཉིས་ཀྱི་མཐུན་འབྲེལ་བཟང་པོ་འདི།།
བསྐལ་བརྒྱར་གནས་པའི་བཀྲིས་སྨོན་ལམ་ཞུའོ།།




1 comment: