Friday, November 1, 2019

སྙིང་རྩོམ་སེམས་ཀྱི་འཁྲུལ་སྣང་།

༈ ཉི་མ་ལ་ལ་བཞུད་ནས། །གྲིབ་ནག་ཐང་ལ་བབས་སོང་། །བྱ་མོས་བྱ་ཕྲུག་ཁྲིད་དུས། །ང་ཡི་ཡབ་ཆེན་དྲན་བྱུང་། །ཆ་གཏེར་ལ་ལ་བགྲོད་ནས། །ལམ་དཀར་མུན་པས་གྲིབ་སོང་། །ལུག་མས་ལུ་གུ་ཁྲིད་དུས། །ང་ཡི་ཡུམ་ཆེན་དྲན་བྱུང་། །རྒྱུ་སྐར་ནམ་ལ་ཤར་ནས་། །མཐུག་པོ་སྤྲིན་གྱིས་གྲིབ་སོང་། །སྤྲང་པོ་ཡུལ་ལ་འཁྱམས་དུས། །ང་ཡི་སྤུན་ཉེ་དྲན་བྱུང་། །བྲག་ལ་མེ་ཏོག་ཤར་ནས་། །སྦྲང་མ་འཁོར་ས་མིན་འདུག།།ནེ་ཙོ་མཆུ་དག་སྦྱོར་དུས། །ང་ཡི་བཟའ་མོ་དྲན་བྱུང་། །གང་ཉིད་སྙིང་ནས་དྲན་ཡང་། །མཆི་མའི་ཕྲེང་ཐག་མ་ཆད། །རྨི་ལམ་སྒྱུ་མའི་གླིང་ནང། །ཡིད་སེམས་དགའ་བ་མ་བྱུང་།།

No comments:

Post a Comment